Tuesday, June 30, 2020

འགྲེལ་བཤད་འབྲི་རྩོམ་གྱི་དཔེ།

                              ངེའི་སློབ་གྲྭ།                 

༉ མི་ཚེ་འདི་དཔེ་དེབ་དང་འདྲ་ཟེར་བ་ཅིན་ འབྲིང་རིམ་གོང་མའི་ཤེས་ཚད་སྦྱངས་པའི་དུས་འདི་ དེ་ཡི་ནང་གི་ཤོག་གྲངས་གཅིག་ཨིན། ལོ་ཨ་རྟག་རང་ ང་རའི་སློབ་གྲྭ་གིས་ སློབ་གྲྭ་གཞི་བཙུགས་འབད་བའི་ཉིནམ་བརྩི་སྲུང་ཞུ་ནི་ཡོད། དུས་ཅི་ མཐའ་མཇུག་ལུ་ སློབ་གྲྭ་ནང་ སློབ་ཕྲུག་རྙིངམ་ཅིག་སྦེ་ འགྱོ་ནིའི་བསྐོར་རྒྱབ་འདི་ ང་ལུ་ཕོགཔ་ཨིན་མས། ཧེ་མ་ ང་སློབ་ཁང་ནང་ དཔེ་ཆ་ལྷབ་ནིའི་དོན་ལུ་འོངམ་ད སློབ་གྲྭའི་ས་ཁོངས་ ལས་ཕར་ རྟ་རྒྱུག་རྐྱབ་སྟེ་འོང་ནི་ཡོད། ཨིན་རུང་ ད་ལྟོ་ སློབ་གྲྭའི་ས་ཁོངས་ དེ་ལས་འགྱོཝ་ད་ ཧེ་མ་ལས་ ལྷགཔ་པའི་ ཚོར་སྣང་མ་འདྲཝ་ཅིག་ཤརཝ་མས།

སློབ་གྲྭའི་འཛུལ་སྒོ་སྦོམ་ལས་འགྱོ་བའི་ཚེ་ ངེའི་རྣ་བ་ སྒྲ་སྙན་ཁུ་བྱུག་སྔོན་མོའི་ འཇམ་པའི་སྙན་ཆ་འདི་གོ་ཡི། སྙན་ཆ་འདིའི་རྟིང་བདའ་སྟེ་ འགྱོ་ད་ གཟི་བརྗིད་ཅན་གྱི་འཁྲབ་སྟོན་ཁང་ནང་ལྷོད་ཅི། འདི་ནང་ རྐང་ཁྲི་ལག་ཅནམ་ འཇམ་ཅུག་ཅུ་ཚུ་ ཧིང་སང་ས་སྦེ་་འདུག འ་ནཱི་ འཁྲབ་སྟོན་ཁང་འདི་ ང་བཅས་དྲོ་པ་འཛོམས་ས་ཨིན། ང་གིས་ ད་ལྟོ་ཡང་ སློབ་དབུ་འཛིན་གྱིས་ དྲག་པོའི་སྐད་ཐོག་ མི་ཚེའི་སྐོར་ལས་ གསུངས་མི་འདི་ སེམས་ཁར་ལྷང་ལྷང་སྦེ་དྲན་ཚུགས་བས། འདི་བསྒང་ ང་གཏི་མུག་ཅན་གྱི་གཉིད་ལུ་ ཤུགས་ཐལ་རུང་ ད་རེས་ དེ་གིས་ དགའ་བའི་ཚོར་སྣང་ གཞན་དང་མ་འདྲཝ་སྦེ་བྱིནམ་མས།

འགྲོས་ཀྱིས་སྦེ་ ཐེམ་སྐས་འཛེགས་ཏེ་ འཁྲབ་སྟོན་ནང་ལས་ཕྱི་ཁར་འཐོནམ་ད་ ང་གིས་ གོ་ཡངས་པའི་ཐང་སྦོམ་འདི་ མཐོང་ཡི། འདི་གི་སྦུག་ལུ་ མེ་ཏོག་སྣ་ཚོགས་ ཁྲ་ཅེམ་ཅེ་སྦེ་ཤར་ཏེ་འདུག དེ་མ་ཚད་ སྦྱང་གི་དྲིམ་གྱིས་ ག་ར་ཁྱབ་སྟེ་འདུག ཡ་་་ ཨ་ནཱི་ཐང་འདི་ ང་བཅས་ ཞབས་ཁྲ་འགྲན་བསྡུར་འབད་ས་ཨིན་མས། དེ་བསྒང་ སློབ་ཕྲུག་ག་ར་ སློབ་ཁང་གི་སྒོའི་བར་ནང་གྱི་ ལྕགས་ཀྱི་རཝ་གུ་ ཧེན་ཏེ་ ལྟདམོ་བལྟ་སྟེ་སྡོད་ནི་ཡོད།

ཐང་འདི་གི་གཡས་ལས་ ཐེམ་སྐས་རིངམོ་ཅིག་འཛེགས་པའི་མཇུག་ལུ་ ང་བཅས་ ལུས་སྦྱོང་འབད་སའི་ས་ཁོངས་ དཀར་མདོག་ཅན་གྱི་ རྒྱུག་ལམ་གྱི་ས་ཁོངས་་ནང་ལྷོདཔ་ཨིན། བདུན་ཕྲག་ ཨ་རྟག་རང་ ང་བཅས་ཚུ་ ས་ཁོངས་འདི་ནང་ ཚདཔ་འཐོན་འཐོན་རང་ དགའ་སྤྲོའི་སྒོ་ལས་ ལུས་སྦྱོང་འབད་ནི་ཡོད། ལུས་སྦྱོང་ཤེས་ཡོན་འདི་ ཉི་མའི་དྲོད་ཀྱི་ གདོང་ལན་ཡོད་རུང་ ང་འདི་ལུ་ སྤྲོ་བ་འབྱུང་ཡི། ག་ཅི་སྦེ་ཟེར་བ་ཅིན་ དེ་གིས་ སློབ་ཁང་གཅིག་མཐུན་གྱི་སེམས་ཤུགས་བྱིནམ་ཨིན་མས།

ལུས་སྦྱོང་འབད་སའི་ས་ཁོངས་ལས་ གོམས་ཐེངས་བཞི་དེམ་ཅིག་སྤོཝ་ད་ སྒྲིང་ཁྱིམ་ཐོག་གཉིས་པའི་གཡས་ཕྱོགས་ཀྱི་ མཇུག་ལུ་ ང་རའི་སློབ་ཁང་ནང་ལྷོད་ཅི། ང་གིས་ སློབ་ཁང་གི་ གྲུ་བཞི་ནར་མོའི་སྒོ་ཕྱིཝ་ད་ འདི་ནང་ ཤིང་གི་རྐང་ཁྲི་དམར་ཅནམ་དང་ ཐལ་མདོག་འབྲི་ཁྲི་ཚུ་ ཧིང་སང་ས་སྦེ་ གྱལ་རིམ་སྒྲིག་སྟེ་འདུག དེ་གིས་ ང་ཧེ་མའི་སྣང་བ་ སེམས་ཁར་དྲན་བཅུག་ཅི། གཞུང་གི་ཆོས་རྒྱུགས་རན་པའི་སྐབས་ ཆ་རོགས་ཀྱི་མར་མུར་དང་ དཔེ་དེབ་ལྷོག་པའི་སྒྲ་ ཤོག་ཤོག་ ཅིག་ལས་མ་གཏོགས་ མ་སྡོད། ང་བཅས་ག་ར་རང་ལུ་དགོ་པའི་ཡོན་ཏན་ ཉིན་ནུབ་མེད་པར་་རྩ་འགེངས་ལྷབ་དེས་ཅི།

འབྲིང་རིམ་གོང་མའི་སློབ་རིམ་འདི་ དེ་ཅིག་སྦེ་ མཇུག་བསྡུ་རུང་ དེ་ནང་གི་དུས་རིམ་ལས་ཐོབ་པའི་ ཆ་རོགས་ཀྱི་མཐུན་འབྲེལ་འདི་ རྩ་ལས་རང་མཇུག་མི་བསྡུ། ང་གིས་ སློབ་གྲྭ་འདི་ནང་ལས་ཐོབ་པའི་ ཡོན་ཏན་འདི་ལུ་ ཨ་རྟག་རང་ དགའ་སྣང་གི་ཚོར་བ་བསྐྱེདཔ་བསྐྱེད་ ས་རང་སྡོད་འོང་།

                                               འབྲི་མི། བསོད་ནམས་ དབང་ཕྱུག

                                                   ཞུན་དག་པ། བཀྲིས་རྡོ་རྗེ།

བཀའ་དྲིན་ཆེ།


No comments:

Post a Comment