Monday, July 4, 2022

A visit to Changangkha

དུས་ནམ་རང་འབད་རུང་ ང་ཐིམ་ཕུ་འོངམ་ད་ ཨཔ་དོམ་ཚངཔ་བཞུགས་ས་ འགྱོ་ནི་འདི་ བརྗེད་ནི་མེད། ལཱ་ག་དེམ་ཅི་ ཁག་ཆེ་སྟེ་འབད་རུང་ ཁོ་ལུ་ ཁོ་གི་དགའ་ཤོས་ ཨ་རག་གར་དྲགས་འདི་ ཤི་རུང་ལོག་འོང་ མེ་རུང་འཚོལ་ཏེ་རང་ བཅརཝ་ཨིན།
ན་ཧིང་འོངམ་ད་ ཁོ་ལུ་ཨོམ་འབག་ནི་འདི་གིས་ ཨིན་ན་མ་ཤེས་ ལོག་ལཱ་འབད་སར་ བསམ་གྲུབ་ལྗོང་མཁར་ལུ་འགྱོཝ་ད་ ནམ་ལིང་གི་ལམ་ར་ལས་རང་ཆད་བཏང་། ཁྲིམས་ཤིང་ལ་ག་ར་ཁརཝ་གིས་སྤུབས་བཞག་སྟེ་ ང་ཉིནམ་ལྔ་ལུ་རྐྱངམ་གཅིག་ལྷོད་བཅུག་ཡི། ཨིན་རུང་ ཁོ་གི་བཀྲིན་ལས་ ལྷོད་ནི་འདི་ལྷོད་ཅི།
དེ་ཚེ་འགྱོཝ་ད་འབདན་ ཁོ་ལུ་ ཚོགས་སྣ་མང་སྦེ་འབག དཀར་མེ་དང་སྤོས་ཡང་ཉོ། ཆང་གར་དྲགས་དམ་སྦྱིས་ཕྱེད་ [དམ་སྦྱིས་གང་མ་འབག་མི་འདི་ ཁོ་ལྟ་མ་ཆང་འགྲངས་ཏེ་ ང་གིས་ཞུ་མི་འདི་གསན་མི་ཚུགས་མནོ་སྟེ་མ་འབག] བཅའ་འགྲིག་རྐྱབ་སྟེ་ ཡ་ད་འབདན་ ཁྱོད་རང་མཁྱེན་ནོ། ང་ལོག་འགྱོ་ནི་འབད་དོ། ང་གཞན་ཞུ་དགོཔ་ག་ནི་ཡང་མེད། ད་ལྟོ་ཚུན་ དཀའ་ངལ་ག་ནི་ཡང་མེད་པ་ བདེ་བའི་ངང་ལུ་བཞག་སྟེ་ གཟུགས་སྟོབས་ཤུགས་ཅན་གླངམ་ཆེ་བཟུམ་བཟོ་གནང་མི་ལུ་ བཀའ་དྲིན་ཆེ། ད་རུང་རང་ དེ་བཟུམ་སྦེ་རང་ ཆ་རོགས་མཛད་གནང་། ཏི་རུ་བཏགས་བཅུག ཕྱག་ཕྱིན་ལེགས་ཤོམ་སྦེ་ཞུ་བཅུག མིང་ཅིག་འཐོབ་བཅུག ཨམ་སྲུ་འཇའ་རིསམོ་ཅིག་ཡང་འཐོབ་བཅུག་ཟེར་ ཁོ་ལུ་ཞུ་སྟེ་ ཆང་དྲང་ཡི།
* ཨཔ་དོམ་ཚངཔ་འདི་ ང་གི་སྐྱེས་ལྷ་ཨིན།

No comments:

Post a Comment